Thursday, September 11, 2014

༄༅། །གུ་རུ་རིན་པོ་ཆེའི་གསོལ་འདེབས་གཅེས་བསྡུས་བཞུགས་སོ། །

༄༅། །གུ་རུ་རིན་པོ་ཆེའི་གསོལ་འདེབས་གཅེས་བསྡུས་བཞུགས་སོ། །
  
སྐྱབས་འགྲོ་སེམས་བསྐྱེད།
   སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །
  
གུ་རུའི་ཚིག་བཅུ་གཅིག་གསོལ་འདེབས།
   ཧཱུྃ༔   ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སི་དྡྷི་ཧཱུྃཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསི་དྡྷི་ཕ་ལ་ཧཱུྃ་ཨཱཿ ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ།  ཙིཏྟ་ཧྲིཾ་ཧྲིཾ་ཛཿཛཿ
  
བླ་མ་སྐུ་གསུམ་གསོལ་འདེབས།
   ཨེ་མ་ཧོ༔ སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ༔ ཆོས་ཉིད་དུས་གསུམ་སྐྱེ་འགག་མེད་པའི་ངང༔ བྱ་བྲལ་ལྷུན་རྫོགས་བདེ་བ་ཆེན་པོའི་སྐུ༔ ནམ་མཁའ་བཞིན་དུ་ཐུགས་རྗེ་ཕྱོགས་རིས་མེད༔ བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདེ་ཆེན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་སུ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ ཡེ་ཤེས་ལྔ་ལྡན་བདེ་བར་གཤེགས་པའི་སྐུ༔ ཐུགས་རྗེའི་བྱེ་བྲག་སྣ་ཚོགས་སོ་སོར་སྟོན༔ བྨ་མ་ལོངས་སྤྱོད་རྫོགས་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ མི་མཇེད་འཇིག་རྟེན་དག་པའི་ཞིང་ཁམས་སུ༔ ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་བྱོན༔ གབ་ལ་གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔
  
གསོལ་འདེབས་བར་ཆད་ལམ་སེལ་བཞུགས་སོ། །
   ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདག་གི་བླ་མ་ངོ་མཚར་སྤྲུལ་པའི་སྐུ༔ རྒྱ་གར་ཡུལ་དུ་སྐུ་འཁྲུངས་ཐོས་བསམ་མཛད༔ བོད་ཡུལ་དབུས་སུ་ཞལ་བྱོན་དྲེགས་པ་བཏུལ༔ ཨོ་རྒྱན་ཡུལ་དུ་སྐུ་བཞུགས་འགྲོ་དོན་མཛད༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
   སྐུ་ཡི་ངོ་མཚར་མཐོང་བའི་ཚེ༔ གཡས་པས་རལ་གྲིའི་ཕྱག་རྒྱ་མཛད༔ གཡོན་པས་འགུགས་པའི་ཕྱག་རྒྱ་མཛད༔ ཞལ་བགྲད་མཆེ་གཙིགས་གྱེན་ལ་གཟིགས༔ རྒྱལ་བའི་གདུང་འཛིན་འགྲོ་བའི་མགོན༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
   དམ་ཆོས་རིན་ཆེན་གསན་པའི་ཚེ༔ སྐུ་གསལ་འོད་ཟེར་མདངས་དང་ལྡན༔ ཕྱག་གཡས་སྡེ་སྣོད་གླེགས་བམ་བསྣམས༔ གཡོན་པས་ཕུར་པའི་པུ་སྟི་བསྣམས༔ ཟབ་མོའི་ཆོས་རྣམས་ཐུགས་སུ་ཆུད༔ ཡང་ལེ་ཤོད་ཀྱི་པཎྟི་ཏ༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
   དམ་ཅན་དམ་ལ་བཏགས་པའི་ཚེ༔ དྲི་མེད་གནས་མཆོག་ཉམས་རེ་དགའ༔ རྒྱ་གར་བོད་ཡུལ་ས་མཚམས་སུ༔ བྱིན་གྱིས་བརླབས་ནས་བྱོན་པའི་ཚེ༔ དྲི་བསུང་སྤོས་ངད་ལྡན་པའི་རི༔ མེ་ཏོག་པདྨ་དགུན་ཡང་སྐྱེ༔ ཆུ་མིག་བྱང་ཆུབ་བདུད་རྩིའི་ཆུ༔ བདེ་ལྡན་དེ་ཡི་གནས་མཆོག་ཏུ༔ སྐྱེས་མཆོག་ཚུལ་བཟང་ཆོས་གོས་གསོལ༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས༔ གཡོན་པས་རིན་ཆེན་ཟ་མ་ཏོག༔ རཀྟ་བདུད་རྩིས་ནང་དུ་གཏམས༔ མཁའ་འགྲོ་དམ་ཅན་དམ་ལ་བཏགས༔ ཡི་དམ་ཞལ་གཟིགས་དངོས་གྲུབ་བརྙེས༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
   རྒྱལ་བའི་བསྟན་པ་བཙུགས་པའི་ཚེ༔ གཡའ་རིའི་ནགས་ལ་སྒྲུབ་པ་མཛད༔ བསྙེན་ཕུར་ནམ་མཁའི་དབྱིངས་སུ་འཕང༔ རྡོ་རྗེའི་ཕྱག་རྒྱས་བླངས་ཤིང་བསྒྲིལ༔ བསྒྲིལ་ཞིང་ཙན་དན་ནགས་སུ་འཕངས༔ མ་འབར་འཁྲུགས་ཤིང་མཚོ་ཡང་སྐེམ༔ སྲིབ་ཀྱི་མུ་སྟེགས་ས་གང་བསྲེགས༔ ཡཀྴ་ནག་པོ་རྡུལ་དུ་བརླགས༔ འགྲན་གྱི་དོ་མེད་བདུད་ཀྱི་གཤེད༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
   སྲིན་པོའི་ཁ་གནོན་མཛད་པའི་ཚེ༔ ཁྱིའུ་ཆུང་སྤྲུལ་སྐུའི་ཆ་ལུགས་ཅན༔ ཡ་མཚན་གཟུགས་བཟང་ཁ་དོག་ལེགས༔ ཚེམས་འགྲིགས་དབུ་སྐྲ་སེར་ལ་མཛེས༔ དགུང་ལོ་བཅུ་དྲུག་ལོན་པའི་ཚུལ༔ རིན་ཆེན་རྒྱན་ཆ་སྣ་ཚོགས་གསོལ༔ ཕྱག་གཡས་འཁར་བའི་ཕུར་པ་བསྣམས༔ བདུད་དང་སྲིན་པོའི་ཁ་གནོན་མཛད༔ གཡོན་པས་སེང་ལྡེང་ཕུར་པ་བསྣམས༔ མོས་པའི་བུ་ལ་སྲུང་སྐྱོབ་མཛད༔ མགུལ་ན་ལྕགས་ཀྱི་ཕུར་པ་བསྣམས༔ ཡི་དམ་ལྷ་དང་གཉིས་སུ་མེད༔ གཉིས་མེད་སྤྲུལ་སྐུ་འཛམ་གླིང་རྒྱན༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་གསོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ འདྲེ་ཡི་ཡུལ་དུ་དགོངས་པའི་ཚེ༔ མེ་དཔུང་ཤོད་ཀྱི་ས་གཞི་ལ༔ མདའ་རྒྱང་གང་གི་མཚོ་ནང་དུ༔ པདྨའི་སྟེང་དུ་བསིལ་བསིལ་འདྲ༔ པདྨའི་ནང་ན་དགོངས་པ་མཛད༔ མཚན་ཡང་པདྨ་འབྱུང་གནས་ཞེས༔ རྫོགས་པའི་སངས་རྒྱས་དངོས་སུ་བྱོན༔ དེ་འདྲའི་སྤྲུལ་སྐུ་ཡ་མཚན་ཅན༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བོད་ཀྱི་ཉི་མ་མཛད་པའི་ཚེ༔ དད་ལྡན་འགྲོ་བ་འདྲེན་པའི་དཔལ༔ གང་ལ་གང་འདུལ་སྐུར་བསྟན་ནས༔ གཙང་ཁ་ལ་ཡི་ལ་ཐོག་ཏུ༔ དགྲ་ལྷའི་དགེ་བསྙེན་དམ་ལ་བཏགས༔ ཡུལ་ནི་ཚ་བའི་ཚ་ཤོད་དུ༔ ལྷ་ཡི་དགེ་བསྙེན་དྲེགས་པ་ཅན༔ ཉི་ཤུ་རྩ་གཅིག་དམ་ལ་བཏགས༔ མང་ཡུལ་དེ་ཡི་བྱམས་སྤྲིན་དུ༔ དགེ་སློང་བཞི་ལ་དངོས་གྲུབ་གནང་༔ ཁྱད་པར་འཕགས་པའི་རིག་འཛིན་མཆོག༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
   དཔལ་མོ་ཐང་གི་དཔལ་ཐང་དུ༔ བརྟན་མ་བཅུ་གཉིས་དམ་ལ་བཏགས༔ བོད་ཡུལ་ཁ་ལའི་ལ་ཐོག་ཏུ༔ གངས་དཀར་ཤ་མེད་དམ་ལ་བཏགས༔ འདམ་ཤོད་ལྷ་བུའི་སྙིང་དྲུང་དུ༔ ཐང་ལྷ་ཡར་ཞུར་དམ་ལ་བཏགས་༔ ཧས་པོ་རི་ཡི་ཡང་གོང་དུ༔ ལྷ་སྲིན་ཐམས་ཅད་དམ་ལ་བཏགས༔ ཆེ་བའི་ལྷ་འདྲེ་ཐམས་ཅད་ཀྱིས༔ ལ་ལས་སྲོག་གི་སྙིང་པོ་ཕུལ༔ ལ་ལས་བསྟན་པ་སྲུང་བར་བྱས༔ ལ་ལས་བྲན་དུ་ཁས་བླངས་བྱས༔ མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
   དམ་པ་ཆོས་ཀྱི་བསྟན་པ་ནི༔ རྒྱལ་མཚན་ལྟ་བུར་བཙུགས་པའི་ཚེ༔ བསམ་ཡས་མ་བཞེངས་ལྷུན་གྱིས་གྲུབ༔ རྒྱལ་པོའི་དགོངས་པ་མཐར་ཕྱིན་མཛད༔ སྐྱེས་མཆོག་གསུམ་གྱི་མཚན་ཡང་གསོལ༔ གཅིག་ནི་པདྨ་འབྱུང་གནས་ཞེས༔ གཅིག་ནི་པདྨ་སཾ་བྷ་ཝ༔ གཅིག་ནི་མཚོ་སྐྱེས་རྡོ་རྗེ་ཞེས༔ གསང་མཚན་རྡོ་རྗེ་དྲག་པོ་རྩལ༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བསམ་ཡས་མཆིམས་ཕུར་སྒྲུབ་པ་མཛད༔ རྐྱེན་ངན་བཟློག་ཅིང་དངོས་གྲུབ་གནང༔ རྗེ་བློན་ཐར་པའི་ལམ་ལ་བཀོད༔ གདོན་གཟུགས་བོན་གྱི་བསྟན་པ་བསྣུབས༔ ཆོས་སྐུ་དྲི་མེད་རིན་ཆེན་བསྟན༔ སྐལ་ལྡན་སངས་རྒྱས་ས་ལ་བཀོད༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དེ་ནས་ཨོ་རྒྱན་ཡུལ་དུ་བྱོན༔ ད་ལྟ་སྲིན་པོའི་ཁ་གནོན་མཛད༔ མི་ལས་ལྷག་གྱུར་ཡ་མཚན་ཆེ༔ སྤྱོད་པ་རྨད་བྱུང་ངོ་མཚར་ཆེ༔ མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྐུ་གསུང་ཐུགས་ལྡན་འགྲོ་བ་འདྲེན་པའི་དཔལ༔ སྒྲིབ་པ་ཀུན་སྤངས་ཁམས་གསུམ་ས་ལེར་མཁྱེན༔ དངོས་གྲུབ་མཆོག་བརྙེས་བདེ་ཆེན་མཆོག་གི་སྐུ༔ བྱང་ཆུབ་སྒྲུབ་ལ་བར་ཆད་ངེས་པར་སེལ༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔  སིདྡྷི་ཕ་ལ་ཧཱུྃ༔ ཨཱ༔
 
གསོལ་འདེབས་བསམ་པ་ལྷུན་འགྲུབ་མ་བཞུགས་སོ། །
   ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཇའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔ འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་བརྒྱུད་མཐའ་ལ་མ་སྟོངས་བར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པུ༔ རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔ ཐུགས་རྗེས་བོད་ཀྱི་སེམས་ཅན་ཡོངས་ལ་གཟིགས༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔ བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ ནངས་རེ་དགོངས་རེ་བོད་ཀྱི་དོན་ལ་བྱོན༔ ཉི་ཟེར་འཆར་ལྡུད་མདངས་ལ་བཅིབས་ཏེ་བྱོན༔ ཡར་ངོ་ཚེས་བཅུའི་དུས་སུ་དངོས་སུ་བྱོན༔ འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལྔ་བརྒྱའི་ཐ་མ་རྩོད་དུས་སྙིགས་མ་ལ༔ སེམས་ཅན་ཐམས་ཅད་ཉོན་མོངས་དུག་ལྔ་རགས༔ ཉོན་མོངས་དུག་ལྔ་རང་རྒྱུད་སྤྱོད་པའི་ཚེ༔ དེ་འདྲའི་དུས་ན་ཁྱོད་འདྲའི་ཐུགས་རྗེས་སྐྱོབས༔ དད་ལྡན་མཐོ་རིས་འདྲེན་པའོ་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཧོར་སོག་འཇིགས་པའི་དམག་གིས་མཐའ་བསྐོར་ནས༔ ཆོས་འཁོར་གཉན་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར༔ ཧོར་སོག་དམག་དཔུང་བཟློག་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ཚེ༔ མི་བཟོད་སྡུག་བསྔལ་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་སྨན་གྱི་བླ་དང་དབྱེར་མེད་པས༔ ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ སེམས་ཅན་མུ་གེའི་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས༔ དབུལ་ཕོངས་བཀྲེས་སྐོམམ་སེལ་བར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན༔ དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདིང་གིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཡི་དམ་ལྷ་དང་དབྱེར་མེད་པས༔ ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྦས་ཡུལ་ནགས་ཁྲོད་དབེན་ས་སྙོགས་པའི་ཚེ༔ ཁ་ཆར་བུ་ཡུག་འཚུབས་ཤིང་ལམ་འགགས་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་གཞི་བདག་གཉན་པོའི་འཁོར་གྱིས་བསྐོར༔ ཆོས་མཛད་ལམ་སྣ་འདྲེན་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྟག་གཟིག་དོམ་དྲེད་དུག་སྤྲུལ་མཆེ་བ་ཅན༔ འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་དཔའ་བོ་གིང་དང་སྲུང་མར་བཅས༔ གདུག་པའི་སེམས་ཅན་སྐྲོད་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ སྒྱུ་ལུས་གཡར་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅས༔ འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལམ་སྲང་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔ བསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན༔ ཙོ་ར་མི་རྒོད་རྔམ་སེམས་རླག་པར་བྱེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གང་ཞིག་གཤེད་མའི་དམག་གིས་མཐའ་བསྐོར་ནས༔ མཚོན་ཆ་རྣོན་པོ་འདེབས་ཤིང་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་རྡོ་རྗེའི་གུར་དང་ལྡན་པ་ཡིས༔ གཤེད་མ་བྲེད་ཅིང་མཚོན་ཆ་འཐོར་བར་འགྱུར༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ༔ གནད་གཅོད་སྡུག་བསྔལ་འདུ་འཕྲོད་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་སྣང་བ་མཐའ་ཡས་སྤྲུལ་པ་སྟེ༔ བདེ་བ་ཅན་གྱི་ཞིང་དུ་ངེས་པར་སྐྱེ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ༔ འཁྲུལ་སྣང་ཉིད་འཁྲུལ་སྡུག་བསྔལ་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་དུས་གསུམ་མཁྱེན་པའི་ཐུགས་རྗེ་ཡིས༔ འཁྲུལ་སྣང་རང་སར་གྲོལ་བར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གཞན་ཡང་ལས་དང་རྐྱེན་གྱི་དབང་གྱུར་ཏེ༔ འཁྲུལ་སྣང་དངོས་པོར་ཞེན་ཅིང་སྡུག་བསྔལ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་བདེ་ཆེན་རྒྱལ་པོའི་ངོ་བོ་སྟེ༔ སྡུག་བསྔལ་འཁྲུལ་སྣང་རྩད་ནས་གཞིག་པར་བྱེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་ན༔ ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ན༔ དད་གུས་མོས་པའི་གདུང་ཤུགས་དྲག་པོ་ཡིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
  
ཨོ་རྒྱན་ཆེན་པོའི་གསོལ་འདེབས་འཇིགས་པ་ཀུན་སྐྱོབས་བཞུགས་སོ༔
   ཨེ་མ་ཧོ༔ ཕྱོགས་དུས་རྒྱལ་བ་ཀུན་གྱི་ངོ་བོ་ཉིད༔ སངས་རྒྱས་གཞན་ལས་ཐུགས་རྗེ་འཕྲིན་ལས་མྱུར༔ བོད་ཁམས་སྐྱོང་བར་ཞལ་གྱིས་བཞེས་པ་ཡི༔ ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས༔ བཟོད་མེད་གདུང་ཤུགས་དྲག་པོར་སྙིང་ནས་འབོད༔ མི་མངོན་དབྱིངས་ནས་ཐུགས་རྗེས་སྤྱན་གྱིས་གཟིགས༔ སྙིགས་མ་ལྔ་བདོའི་མཐའ་ལ་ཐུག་པའི་ཚེ༔ ཡུལ་ལྷ་ཡུལ་ཕུད་འབྱུང་པོའི་ཤུལ་བཟུང་ན༔ གཞི་བདག་གནས་སུ་འགོད་ཅིག་པདྨ་འབྱུང་༔ ནག་ཕྱོགས་མི་དང་འདྲེ་བདུད་ཁ་དར་ན༔ དཀར་ཕྱོགས་དབུགས་དབྱུང་མཛོད་ཅིག་པདྨ་འབྱུང༔ ཆོས་སྐྱོང་རྣམས་ཀྱིས་དམ་བཅའ་བཏང་གྱུར་ན༔ དམ་ཚིག་ཕྱག་རྒྱས་ཆིངས་ཤིག་པདྨ་འབྱུང་ ༔ དམ་མེད་ཤི་འདྲེའི་བེར་ཆད་བརྩམས་གྱུར་ན༔ འདྲེ་རྒོད་དམ་ལ་ཐོག་ཅིག་པདྨ་འབྱུང་ ༔ སྐྱེ་འགྲོའི་ཤེས་རྒྱུད་བགེགས་ཀྱིས་བརླགས་གྱུར་ན༔ ཁ་ཕྲོལ་བགེགས་ཚོགས་སྐྲོད་ཅིག་པདྨ་འབྱུང་ ༔ སྨོན་ལོག་དམ་སྲིས་བསྟན་ལ་བར་གཅོད་ན༔ དྲག་རྩལ་ཤུགས་ཀྱིས་སྒྲོལ་ཅིག་པདྨ་འབྱུང་ ༔ རྒྱ་འདྲེ་འགོང་པོས་བོད་ཁམས་ཕོངས་པ་ན༔ མཐུ་སྟོབས་ནུས་པས་ཐུལ་ཅིག་པདྨ་འབྱུང་༔ མཐའ་བཞིའི་དམག་གི་མཚོན་ཁ་ལྡང་བ་ན༔ མཐའ་དམག་དུས་འཁྲུགས་བཟློག་ཅིག་པདྨ་འབྱུང་༔ ལྷ་སྲིན་མ་མོའི་དལ་ཡམས་འཐིབས་པ་ན༔ ཐུགས་རྗེའི་སྨན་གྱིས་སོལ་ཅིག་པདྨ་འབྱུང་༔ འབྲོག་པ་ཕྱུགས་ཉེས་ཡུལ་པ་ལོ་ཉེས་ན༔ འབྲུ་ནོར་ལོངས་སྤྱོད་སྩོལ་ཅིག་པདྨ་འབྱུང་༔ ས་ཡི་བཅུད་ཉམས་སྐྱེ་འགྲོའི་གཡང་ཉམས་ན༔ བཅུད་གཡང་བྱིན་ཆེན་ཕོབ་ཅིག་པདྨ་འབྱུང་ ༔ བསྟན་དང་བསྟན་འཛིན་སྡེ་དང་བཅས་པ་རྣམས༔ དར་ཞིང་རྒྱས་པར་མཛོད་ཅིག་པདྨ་འབྱུང་༔ ཆོས་མེད་བདག་སོགས་འཁོར་བར་འཁྱམས་པ་ན༔ བདེ་ཆེན་ཞིང་དུ་དྲོངས་ཤིག་པདྨ་འབྱུང་༔ ལྟ་སྒོམ་སྤྱོད་པ་གོལ་སར་འཆུགས་གྱུར་ན༔ དོན་དམ་རང་ངོ་སྤྲོད་ཅིག་པདྨ་འབྱུང་༔ འདི་དང་ཕྱི་མ་བར་དོ་ཐམས་ཅད་དུ༔ འབྲལ་མེད་ཐུགས་རྗེས་ཟུངས་ཤིག་པདྨ་འབྱུང་༔ མདོར་ན་སྡུག་བསྔལ་ཉེས་ཚོགས་ཅི་བྱུང་ཡང་༔ རྟག་ཏུ་ཐུགས་རྗེས་སྐྱོབས་ཤིག་པདྨ་འབྱུང་༔
 
བར་ཆད་ལམ་སེལ་བསྡུས་པ།
   ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས༔ འགལ་རྐྱེན་བར་ཆད་མི་འབྱུང་ཞིང་༔ མཐུན་རྐྱེན་བསམ་པ་འགྲུབ་པ་དང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔
  
དུས་གསུམ་སངས་རྒྱས་མ།
  དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔ བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
  
རིས་མེད་བླ་མའི་ཞབས་བརྟན་གསོལ་འདེབས།
   དཔལ་ལྡན་བླ་མའི་ཞབས་པད་བརྟན་པ་དང་། །མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་ཡི། །བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་སྦྱང་ནས། །མྱུར་དུ་སངས་རྒྱས་ལ་འགོད་པར་ཤོག །
  
རྩ་གསུམ་གསོལ་འདེབས།
   རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །ཡི་དམ་ལྷ་ཡིས་རྗེས་བཟུང་དངོས་གྲུབ་ཐོབ། །མཁའ་འགྲོ་དམ་ཅན་ལུས་དང་གྲིབ་བཞིན་འགྲོགས། །གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །

བསྔོ་བ།
   བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །
 
བཀྲ་ཤིས།
   སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། །བསྟན་འཛིན་བུ་སློབ་དར་ཞིང་རྒྱས་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །
   ཨེ་མ་ཧོ༔ ཆོས་སྐུ་ཀུན་བཟང་དྲུག་པ་རྡོ་རྗེ་འཆང་༔ སྟོན་པ་རྡོར་སེམས་བཅོམ་ལྡན་ཤཱཀྱའི་རྒྱལ༔ མགོན་པོ་ཚེ་དཔག་མེད་དང་སྤྱན་རས་གཟིགས༔ དབྱེར་མེད་པདྨ་དེ་ལ་གསོལ་བ་འདེབས༔
  
ཚེ་ཐར་སྲོག་བླུ་གཏོང་ཐབས་ཀྱི་ཆོ་ག་བརྩེ་ཆེན་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ།
   སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །འདིར་ཚེ་མཐར་སྲོག་བླུ་བྱེད་པར་འདོད་པས་ཐོག་མར་སྐྱབས་སུ་འགྲོ་བ་ནི། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། ༼ལན་གསུམ།༽
   གཉིས་པ་སེམས་བསྐྱེད་པ་ནི། ཇི་ལྟར་སྔོན་གྱི་བདེར་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་འང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །༼ལན་གསུམ།༽
   དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ལོང་བས་ཕྱག་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། །དེ་བཞིན་ཇི་ཞིག་ལྟར་སྟེས་ནས། །བྱང་ཆུབ་སེམས་ནི་བདག་ལ་སྐྱེས། །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་འགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །༼དེ་ནས་དངོས་གཞིའི་རིམ་པ་ནི།༽
   ཀྱེ། མ་རིག་གཏི་མུག་དབང་གྱུར་པའི། །འཁོར་བ་དུད་འགྲོའི་རིགས་རྣམས་ཀུན། །མཐར་བའི་ལམ་ལ་ཁྲིད་པའི་ཕྱིར། །རྟེན་འབྲེལ་ཆོ་ག་དོན་དམ་གྱི། །ཕྱག་རྒྱས་བཏབ་འདིར་བསླུ་བ་མེད། །༼ཅེས་བརྗོད་ཅིང་། འགྲོ་བ་དེ་རྣམས་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་པར་བསམས་ལ། ༽
   བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །༼ལན་གསུམ།༽
   བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །༼ལན་གསུམ།༽
   བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །༼ལན་གསུམ།༽
   བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་ རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །༼ལན་གསུམ།༽
   གཞན་ཡང་འོད་དཔག་མེད་ཀྱི་སྙིང་པོ། ཨོཾ་ཨ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿདང་། སྤྱན་རས་གཟིགས་ཀྱི་སྙིང་པོ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཞེས་སོགས་ཅི་རིགས་དང་། ༼རྟེན་འབྲེལ་བཟང་མོའི་དོན་སྟོན་པའི།༽
   ན་མོ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོགས་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །༼ཞེས་སོགས་ཚིགས་སུ་བཅད་པའང་བརྗོད། དེ་རྗེས།༽
   ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་ར་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྲཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་ས་བྷ་ཝ་བི་ཤུདྡྷེ་མ་ ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ༼ལན་གསུམ་བརྗོད་ལ། སེམས་ཅན་འདི་རྣམས་སྲོག་གི་སྡིག་པ་ཐམས་ཅད་ལས་རྒྱལ་ཏེ་སྐྱེ་བ་ཀུན་ཏུ་ཚེ་ཡི་ དངོས་གྲུབ་ཐོབ་པར་བསམ། དམ་རྫས་སོགས་ཁར་སྡུད། ཨོཾ་སྭཱ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭཱ་བྷ་ཝ་ཤུདྷོ་ཧཱུྃ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་དམིགས་བྱའི་ལུས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རྣམ་དག་བདེ་བ་ཆེན་ པོའི་རང་བཞིན་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་ཨཱ་ཧུཾ།༼ལན་གསུམ།༽
   ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁཾ་བྷྱཿ སརྦ་ཏད་ཁཾ་ཨུདྷ་དེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ༼ཞེས་ནམ་མཁའ་མཛོད་སྔགས་ཀྱིས་བྱིན་གྱིས་བརླབས།༽
   ཀྱེ། ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །ཆོས་སྐྱོང་དམ་ཅན་རྒྱ་མཚོ་ལ། །མཆོད་པ་དམ་པ་འབུལ་བ་ནི། །སྲོག་དབུགས་རྣམ་ཤེས་ལྡན་པ་ཡི། །སེམས་ཅན་འདི་ནི་ཚེ་བདུད་ལས། །ཐར་ཏེ་འཇིགས་མེད་དབུགས་དབྱུང་ཐོབ། །འདི་ཡི་ཕུང་ཁམས་སྐྱེ་མཆེད་རྣམས། །རང་བཞིན་རྣམ་དག་མཆོད་པའི་སྤྲིན། །ནམ་མཁའ་ཁྱབ་པར་སྤྲོ་བྱེད་ཅིང་། །འདོད་ཡོན་ཀུན་ལྡན་བདེ་བ་ཆེ། །འཆི་མེད་ཚེ་མཆོག་སྒྲུབ་པའི་རྫས། །མུ་མཐའ་མེད་པར་ཡོངས་ཤར་བས། །ཁྱེད་རྣམས་ཐུགས་དམ་གཉན་པོ་བསྐང་། །དགྱེས་རབ་མཆོག་དང་ལྡན་གྱུར་ཅིག །བདག་དང་སེམས་ཅན་ཐམས་ཅད་ཀུན། །དུས་མིན་འཆི་བའི་སྐེག་ལས་ཐར། །ཤིན་ཏུ་ཡུན་རིང་འཚོ་འགྱུར་ཞིང་། །བདེ་ལེགས་ཕུན་ཚོགས་ཐོབ་པར་ཤོག །ཕུང་ཁམས་ཉམས་པ་སོར་ཆུད་ཅིང་། །བརྟན་གཡོའི་དྭངས་བཅུད་གསོས་སུ་སྨིན། །ཚེ་དཔལ་བཀྲག་མདངས་གཟི་བརྗིད་རྒྱས། །ནད་མེད་ཆོས་འབྱོར་འཕེལ་བར་ཤོག །དགེ་འདིས་མཁའ་ཉམས་འགྲོ་བ་ཀུན། །སྐྱེ་འཆི་ལས་འདས་རྡོ་རྗེའི་སྐུ། །མགོན་པོ་ཚེ་དཔག་མེད་པ་ཡི། །གོ་འཕང་དམ་པ་ཐོབ་པར་ཤོག ༼ཅེས་བརྗོད་ལ་བླ་མ་སོགས་ཀྱི་ཞབས་བརྟན་ཡིན་ན། ༽
   འདི་ལྟར་བསྒྲུབས་པའི་ལེགས་བྱས་རྟེན་འབྲེལ་གྱིས། །དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཞིང་། །རྨད་བྱུང་འཕྲིན་་ལས་ཕྱོགས་བཅུར་རབ་ཏུ་ཁྱབ། །ཐུགས་ཀྱི་བཞེད་དོན་ཡོངས་སུ་འགྲུབ་པར་ཤོག །༼སྨོན་ལམ་གདབ་པ་ནི།༽
   ཧོ། འཁོར་བ་དམན་པའི་སྒོ་གསུམ་བོར། །ཐར་བའི་ས་བོན་ལེགས་བཏབ་མཐུས། །རྒྱལ་བསྟན་དར་ཞིང་སེམས་ཅན་བདེ། །ངན་སོང་སྡུག་བསྔལ་ཡོངས་སེལ་ནས། །ཐར་བ་དང་ནི་རྣམ་མཁྱེན་མཆོག །མྱུར་དུ་ཐོགས་མེད་མངོན་པར་ཤོག །མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་ཏུ་རྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །གཞན་གནོད་གཞིར་བཅས་སྤོང་ལ་གོམས་པའི་མཐུས། །རྨི་ལམ་ན་ཡང་སྡིག་སེམས་མི་འབྱུང་ཞིང་། །བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་བར། །ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཅེས་སོགས་བརྗོད་ཅིང་མཐའ་རྒྱས་སུ་བྱའོ། །
   ཞེས་པ་ནི་འདི་ནི་ཀུན་མཁྱེན་མི་ཕབ་རྒྱ་མཚོའི་ཚེ་ཐར་གཏོང་བའི་ཆོ་ག་ཚེ་རིང་ འདོད་རྒུའི་དཔལ་སྟེར་དང་། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་དུད་འགྲོའི་རིགས་ལ་ཐར་བའི་ས་ བོན་འདེབས་པའི་ཆོ་ག་བདེ་ཆེན་ཐེམ་སྐས་སོགས་བདེན་ཚིག་གྲུབ་པའི་གསུང་རྣམས་ དཀྱུས་གཅིག་ཏུ་བཀོད། དུད་འགྲོའི་རིགས་ལ་བྱེ་བྲག་ཏུ་བསྔགས་པའི་ཕན་ཡོན་ཅན་གྱི་མཚན་དང་གཟུངས་སྔགས་ འགའ་ཞིག་གིས་ཟུར་བརྒྱན་ཏེ། རང་ཚིགས་གི་བསྲེ་བསླད་མེད་པར་ཚེ་ཐར་སྲོག་བླུའི་ཕན་ཡོན་སྲོག་ཆགས་དགའ་བའི་ཚལ་ གྱི་ལྷན་ཐབས་ཀྱི་ཚུལ་དུ་བསྟན་འཛིན་རྒྱ་མཚོས་སྦྱར་བ་དགེ། །།

No comments: